གསར་འགོད་པར་ཟླ་6ཚེས་3ཉིན་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས“ལྗང་མདོག་བཟོ་ལས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བའི”འཕེལ་རྒྱས་ཀྱི་འཐབ་ཇུས་མཐའ་འཁྱོངས་ཀྱིས་ལྗང་མདོག་བཟོ་སྐྲུན་བྱེད་སྟངས་ཁྱབ་གདལ་གཏོང་རྒྱུར་འབད་བརྩོན་ལྷོད་མེད་བྱས་པ་རེད། 2019ལོར་ལྷ་ས་གྲོང་ཁྱེར་དུ་གཞི་ཁྱོན་ལྡན་པ་ཡན་གྱི་བཟོ་ལས་ཁེ་ལས་83ཡོད་པ་དེའི་ནང་ལྗང་མདོག་གཙོ་ཁྲིད་ཐོན་ལས་ཀྱི་གཞི་ཁྱོན་ལྡན་པ་ཡན་གྱི་ཁེ་ལས་34ཡོད་པ་དེས་བསྡུར་ཚད་41%ཟིན་ཡོད།
ལྷ་ས་གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་ཀྱི་ཅུས་ཀྲང་ཝང་ཤུས་ཀོང་གིས། ལྗང་མདོག་བཟོ་ལས་ནི་ཐོན་སྐྱེད་གཙང་མ་ཡོང་བ་དང་ལྗང་མདོག་ཐོན་རྫས་ཐོན་སྐྱེད་བྱེད་པའི་བཟོ་ལས་ཤིག་ཡིན་ཞིང་། ཐོན་སྐྱེད་བྱེད་རིང་ཐོན་རྫས་ཀྱི་དགོས་མཁོ་སྐོང་ཐུབ་པ་དང་དུས་མཚུངས་རང་བྱུང་ཐོན་ཁུངས་དང་ནུས་རྒྱུ་ལུགས་མཐུན་ངང་སྤྱད་དེ། རང་རྟོགས་ངང་ཁོར་ཡུག་སྲུང་སྐྱོང་དང་སྣོད་བཅུད་དོ་སྙོམས་མངོན་འགྱུར་ཡོང་ཐུབ་པ་བྱེད་པའི་བླང་བྱ་བཏོན་ཡོད། ལྷ་ས་གྲོང་ཁྱེར་ནི་མཚོ་བོད་ས་མཐོར་གནས་ཡོད་པ་དང་སྣོད་བཅུད་ཁོར་ཡུག་ཉམས་ཞན་ཡིན་པར་བརྟེན། བཟོ་ལས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་ཕྱོགས་སྒྱུར་རིམ་སྤོར་ཡོང་བའི་ལྡོག་མེད་ཀྱི་གདམ་ག་ཞིག་རེད་ཅེས་ངོ་སྤྲོད་བྱས་པ་རེད།
ལྗང་མདོག་ཐོན་ལས་དང་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཐོན་ཁུངས་བེད་སྤྱོད་བྱ་ཐབས་ཀྱི་རྩ་བའི་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ། བཟོ་ལས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། ལྷ་ས་གྲོང་ཁྱེར་གྱིས་ལྗང་མདོག་བཟོ་ལས་ཆེད་དོན་སྐུལ་སྤེལ་ཚོགས་ཆུང་བཙུགས་ནས་ལྗང་མདོག་ཁེ་ལས་འཕེལ་རྒྱས་ཁྲོད་འཕྲད་པའི་གནད་དོན་དུས་ཐོག་ཏུ་མཐུན་སྦྱོར་ཐག་གཅོད་བྱེད་ཀྱི་ཡོད་པ་རེད།
|